༄༅། ། ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པའི་སྒྲིག་གཞི།
གླེང་བརྗོད།
ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པ་འདི་བཞིན་ཐོག་མར་ས་གནས་ཡུ་རོབ་ཁུལ་ནས་བསམ་ཚུལ་བྱུང་དོན་བཞིན་དབུས་སྨོན་ལམ་ཚོགས་པའི་བཀའ་སློབ་ལམ་སྟོན་འོག་ཕྱི་ལོ་ ༢༠༡༨ ཟླ་ ༠༦ ཚེས་ ༡༦ ཉིན་ས་གནས་ཧྥ་རན་སིའི་ས་སྐྱ་བརྩེ་ཆེན་གླིང་དུ་དབུས་སྨོན་ལམ་ཚོགས་པ་དང་ས་སྐྱ་བརྩེ་ཆེན་གླིང་ཐུན་མོངས་ནས་མཐུན་སྦྱོར་འོག་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་ཐུབ་པར་བྱུང་ཞིང་།
ཚོགས་འདུའི་ཐོག་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་གསུམ་ལྡན་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེས་བཀའ་ཡིག་བྱིན་རླབས་ཅན་གནང་ཞིང་། དབུས་སྨོན་ལམ་ཚོགས་པས་ཀྱང་ལམ་སྟོན་གྱི་བཀའ་ཡིག་ཕེབས་ཡོད།
གྲོས་སྡུར་རིམ་པར་བྱུང་མཐར་ཚོགས་པའི་སྒྲིག་གཞི་ཞིག་དགོས་གལ་ཆེ་བར་གཟིགས་ནས་དབུས་སྨོན་ལམ་ཚོགས་པས་རྩ་འཛིན་ཡིག་ཆའི་དཔེར་ཚོན་གནང་སོན་བྱུང་བར་གཞི་བྱས། དབུས་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པའི་རྩ་འཛིན་ཡིག་ཆ་( ཕྱི་ལོ་ ༢༠༡༣ ཟླ་བ་ ༡༢ ཚེས་ ༡༥ ཉིན་གཏན་འབེབས་ཞུས་) པ་བཅས་ལའང་བསྟུན་གང་ཐུབ་བྱས་ནས་སྐབས་དང་པོའི་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པས་རྒྱུན་ལས་ཐུན་མོང་ནས།
ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༠༩ ལའོ།
དོན་ཚན་དང་པོ། སྒྲིག་གཞིའི་མིང་།
ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཚོགས་པའི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ ༢༠༡༨ ཞེས་འབོད་རྒྱུ།
དོན་ཚན་གཉིས་པ། ཚོགས་པའི་ངོ་བོ།
ཀ ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པ་ནི་ཁེ་ཕན་མི་ལེན་པའི་གཞུང་འབྲེལ་མིན་པའི་ཆོས་དང་རིག་གཞུང་རྐྱང་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཡིན།
ཁ ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཚོགས་པ་འདི་བཞིན་དབུས་དཔལ་ས་སྐྱའི་སྨོན་ལམ་ཚོགས་པའི་རྩ་འཛིན་ཡིག་ཆའི་དོན་ཚན་བདུན་པའི་དགོངས་དོན་ལྟར་བཙུགས་པ་ཞིག་ཡིན།
དོན་ཚན་བདུན་པ། ས་གནས་གཞན་དུ་སྨོན་ལམ་ཚོགས་པ་འཛུགས་ཕྱོགས་སྐོར། ཆབ་སྲིད་ཀྱི་དཀའ་ངལ་ཡོད་རིགས་(བོད་དང་རྒྱ་ནག་ལྟ་བུ་)ཕུད་ས་གནས་གཞན་དུ་སྨོན་ལམ་ཚོགས་པ་དང། སྨོན་ལམ་ཚོགས་པ་འཛུགས་དགོས་ཚེ་དབུས་སྨོན་ལམ་ཚོགས་པའི་ཁྱབ་ཁོངས་སམ། དེའི་ཡན་ལག་ཏུ་གཏོགས་པ་བྱེད་དགོས།༽ ཅེས་དང་། ཡང་༼ས་གནས་ཀྱི་ཡན་ལག་སྨོན་ལམ་ཚོགས་པའི་ལས་དོན་དང་། རྩིས་ཁྲ་དབུས་སྨོན་ལམ་ཚོགས་པའི་ལམ་སྟོན་དང་། སྟངས་འཛིན་འོག་གནང་དགོས།༽ ཅེས་འཁོད་དོན་ལྟར་ཡུ་རོབ་སྨོན་ལམ་ཚོགས་འདི་ཉིད་དབུས་སྨོན་ལམ་ཚོགས་པའི་ཡན་ལག་གི་ཚོགས་པ་ཞིག་ཡིན།
དོན་ཚན་གསུམ་པ། ཚོགས་པའི་དམིགས་ཡུལ།
ཀ འཇིག་རྟེན་ཞི་བདེ་དང་། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཆེད་ཡུ་རོབ་ཁུལ་དུ་དཔལ་ས་སྐྱའི་སྨོན་ལམ་གོ་སྒྲིག་ཞུ་རྒྱུ། བོད་ཀྱི་ཆོས་རིག་ཆེད་སྒོ་ཀུན་ནས་ཞོགས་འདེགས་ཞུ་རྒྱུ།
ཁ ཡུ་རོབ་ཁུལ་གྱི་དཔལ་ལྡན་ས་སྐྱ་པའི་ཆོས་ཚོགས་ཁག་དང་། སློབ་འབངས་སུ་གཏོགས་པ་ཀུན་འབྲེལ་འདྲེས་བཟང་པོ་ཡོང་ཐབས་བཅས་ཡིན།
དོན་ཚན་བཞི་པ། ལས་ཁུངས་ཀྱི་གནས་ཡུལ།
ཇི་སྲིད་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པར་དབང་བའི་གཏན་འཁེལ་གྱི་ལས་ཁུངས་ཤིག་མ་བྱུང་བར་དུ་གནས་སྐབས་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པ་གཞུང་འབྲེལ་དེབ་བསྐྱེལ་བྱེད་དུས་ཀྱི་ཁ་བྱང་ཡོད་ས་དེར་ལས་ཁུངས་ཀྱི་གནས་ཡུལ་དུ་ཆ་འཛིན་བྱ་རྒྱུ། ༼ ད་ལྟའི་ཆར་ས་གནས་བྷེལ་ཇམ་གྱི་གྲོང་ཁྱེར་ཨེན་ཏེ་ཝེར་པན་ལ་ཡོད། ༽
དོན་ཚན་ལྔ་པ། ཚོགས་མི།
དང་པོ། ཚོགས་མི་ཡོང་ཁུངས།
ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པའི་ཚོགས་མི་ནི། ཡུ་རོབ་དང་དབྱིན་ཡུལ་ཁུལ་གྱི་འབྲེལ་ཡོད་རང་རིགས་དཔལ་ལྡན་ས་སྐྱ་པའི་ཆོས་ཚོགས་ཁག་དང་། བརྩེ་ཆེན་ཚོགས་པ་བཅས་ཡིན།
གཉིས་པ། ཚོགས་མིའི་ཐོབ་ཐང་།
སྨོན་ལམ་ཚོགས་པའི་སྔ་ཕྱི་བར་གསུམ་གྱི་ལས་དོན་བྱེད་ཕྱོགས་སྤྱི་ཡོངས་ཀྱི་ཐད་ལ་ཁྲིམས་སྒྲིག་དང་མཐུན་པའི་བསམ་ཚུལ་གསུང་རྒྱུའི་ཐོབ་ཐང་ཆ་ཚང་ཡོད།
གསུམ་པ། ཚོགས་མི་ནས་ཕྱིར་འཐེན།
ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པའི་ཚོགས་མི་ནི་སྒྲིག་གཞིའི་དོན་མཚན་ལྔ་པའི་དང་པོའི་ནང་གསལ་ལྟར་ཞིག་དགོས་པར་སོང་། དེ་དང་མ་མཐུན་པ་ཞིག་བྱུང་ཚེ་རང་བཞིན་གྱི་སྒྲིག་ཁུངས་ནས་ཕྱིར་འཐེན་བྱས་ཟིན་པར་ངོས་འཛིན་ཆོག །
བཞི་པ། ཚོགས་མིའི་ལས་འགན།
ཚོགས་མི་སུ་ཡིན་ཡང་ཚོགས་པའི་དམིགས་ཡུལ་དང་མཐུན་པའི་ལས་དོན་གང་བྱས་ལ་ཐུགས་ཁུར་རྒྱབ་དཔུང་དང་སྤྱི་ཕན་ལྷག་བསམ་གྱིས་མཐུན་སྤྱོར་རམ་འདེགས་བྱེད་དགོས་པར་མ་ཟད་སྤྱི་པའི་ལས་དོན་ཆེད་ངག་བཀོད་ཡོད་རིགས་ལ་ཡ་ཡོལ་དང་ཕྱིར་འཐེན་མེད་པར་གང་ཡོང་སྒྲུབ་ཐབས་མཛད་དགོས།
དོན་མཚན་དྲུག་པ། འཐུས་མི་ལྷན་ཚོགས།
དང་པོ། འཐུས་མིའི་ཆ་རྐྱེན།
ཀ མི་རིགས་དང་ཕོ་མོའི་དབྱེར་བ་མེད་པར་ཡུ་རོབ་ཁུལ་གྱི་དཔལ་ལྡན་ས་སྐྱ་པའི་ཆོས་ཚོགས་ཁག་དང་། བརྩེ་ཆེན་ཚོགས་པ་བཅས་ཀྱི་ཚོགས་མི་ཡིན་ན་འཐུས།
ཁ ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པའི་འཐུས་མི་ལྷན་ཚོགས་སུ་མང་མོས་དང་སྤྱི་མོས་གང་རུང་གི་ལམ་ནས་འོས་འདེམས་ཞུས་པ་ཞིག་ཡིན་དགོས།
གཉིས་པ། འཐུས་མིའི་གྲུབ་ཆ།
དབུས་སྨོན་ལམ་ཚོགས་པའི་རྒྱུན་ལས་གཉིས། ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པའི་རྒྱུན་ལས་ཆ་ཚང་། ཡུ་རོབ་ཁུལ་གྱི་དཔལ་ལྡན་ས་སྐྱ་པའི་ཆོས་ཚོགས་ཁག་གི་སྐུ་ཚབ་འཐུས་མི་གཉིས་རེ་དང་། བརྩེ་ཆེན་ཚོགས་པ་ཁག་ནས་གཅིག་རེ། དགོས་གལ་བྱུང་ཚེ་ལོ་རེའི་སྨོན་ལམ་ཚོགས་ཡུལ་ས་གནས་ཀྱི་ཆོས་ཚོགས་དང་བརྩེ་ཆེན་ཚོགས་པ་ཁག་ནས་འཐུས་མིའི་གྲངས་འབོར་ལ་ཚད་བཀག་མེད།
གསུམ་པ། འཐུས་མིའི་ལྷན་ཚོགས་ཀྱི་ལས་འགན།
ཀ ལོ་རེར་འཐུས་མིའི་ལྷན་ཚོགས་ཐེངས་རེ་ངེས་པར་འདུ་བསྐོང་དགོས་རྒྱུ་དང་། དམིགས་གསལ་དགོས་གལ་བྱུང་ཚེ་དེ་ལས་མང་བ་ཚོགས་ནའང་འཐུས།
ཁ འཐུས་མིའི་ལྷན་ཚོགས་ཀྱི་ཚོགས་དུས་སོ་སོར་དང་སྐབས་མཚམས་རྒྱུན་ལས་བཅས་ནས་ཐག་གཅོད་བྱུང་རིགས་ལ་ངེས་པར་ལག་བསྟར་དགོས་རྒྱུ།
གསུམ་པ། འཐུས་མིའི་ལྷན་ཚོགས་ཀྱི་དབང་ཚད།
སྐབས་སོ་སོའི་རྒྱུན་ལས་འོས་འདེམས་གནང་རྒྱུ་དང་། རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་འགྲིག་མིན་ལ་དགོངས་ཚུལ་གསུང་རྒྱུའི་ཐོབ་ཐང་ཡོད།
དོན་ཚན་བདུན་པ། རྒྱུན་ལས།
དང་པོ། རྒྱུན་ལས་ཀྱི་གྲུབ་ཆ།
ཀ འཐུས་མིའི་ལྷན་ཚོགས་ནས་མང་མོས་སམ་སྤྱི་མོས་ཀྱི་འོས་འདེམས་བྱས་པའི་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པ་དང་། མི་གྲངས་བཅོ་ལྔ་ལས་མ་བརྒལ་བ་ཞིག་དགོས།
ཁ ད་ལྟའི་ཆར་མི་གྲངས་བཅུ་གཅིག་ཡོད་པ་ནི། ཚོགས་གཙོ་གཞོན་གཉིས། དྲུང་ཆེ། དྲུང་གཞོན། དངུལ་གཉེར་གཉིས། རྩིས་པ། ད་ཡོད་ས་གནས་བརྩེ་ཆེན་ཚོགས་པ་ཁག་བཞིའི་འཐུས་མི་རེ་བཅས་ཡིན།
ག རྒྱུན་ལས་སོ་སོའི་ལས་འགན་རྒྱུན་ལས་ནང་ཁུལ་ནས་འདེམས་རྒྱུ།
གཉིས་པ། རྒྱུན་ལས་ཀྱི་དབང་ཚད།
ཀ ཚོགས་པའི་ལས་དོན་ཆ་ཚང་མང་མོས་དང་སྤྱི་མོས་གང་རུང་གི་ཐག་གཅོད་བྱེད་རྒྱུ།
ཁ རྒྱུན་ལས་འཕོ་འགྱུར་བྱ་དགོས་རིགས་རྒྱུན་ལས་ནང་ཁུལ་ནས་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་ཐག་གཅོད་ཆོག་རྒྱུ།
ག རྒྱུན་ལས་མང་མོས་སམ་སྤྱི་མོས་གང་རུང་ནས་བཀའ་འཁྲོལ་མེད་པར་རྒྱུན་ལས་མི་གཅིག་གིས་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་ནས་འགྲོ་གྲོན་ཡུ་སྒོར་ ༡༠༠ བེད་སྤྱོད་ཆོག་རྒྱུ་དང་། རྒྱུན་ལས་གཉིས་འཛོམས་ཚེ་ཡུ་སྒོར་ ༥༠༠ བེད་སྤྱོད་གཏོང་ཆོག ། གཉིས་ལས་མང་བ་འཛོམས་ཚེ་ཡུ་སྒོར་ ༡༠༠༠ ཐམ་པ་ཐག་གཅོད་གནང་ཆོག ། ཡུ་སྒོར་ཆིག་སྟོང་ལས་བརྒལ་བའི་འགྲོ་གྲོན་གཏོང་དགོས་ཚེ་རྒྱུན་ལས་ལྷན་ཚོགས་ནས་ཐག་གཅོད་གནང་དགོས།
གསུམ་པ། རྒྱུན་ལས་ཀྱི་ལས་ཡུན།
ཀ ཁྲིམས་སྒྲིག་དང་འགལ་བ་དང་། དོ་དག་སོ་སོའི་དགོངས་ཞུ་མི་བྱ་ཐབས་མེད་ཀྱི་དཀའ་ངལ་བྱུང་རིགས་ཕུད་སྐབས་རེའི་རྒྱུན་ལས་ཀྱི་ལས་ཡུན་ལོ་གསུམ་རེ་ཡིན།
ཁ ལས་གནས་གང་ཡིན་ལ་མ་ལྟོར་པར་འོས་འདེམས་བྱུང་ཚེ་སྐབས་བསྟུད་མར་ལས་ཁུར་ཞུ་ཆོག །
བཞི་པ། རྒྱུན་ལས་ཀྱི་ལས་དོན།
ཀ འཐུས་མིའི་ལྷན་ཚོགས་སུ་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་ལག་བསྟར་དོན་འཁྱོལ་ཡོང་བར་བྱ་རྒྱུ།
ཁ ཚོགས་གཙོ་སྦྲེལ་པོས་རྒྱུན་ལས་ཀྱི་ཚོགས་འདུ་ནམ་དགོས་འདུ་བསྐོང་བྱ་རྒྱུ་དང་། ཚོགས་པ་སྤྱིའི་ལས་དོན་ཆ་ཚང་ལ་གཟིགས་རྟོག་གནང་རྒྱུ།
ག དྲུང་ཆེ་དང་དྲུང་གཞོན་གྱིས་ཚོགས་པའི་ཡིག་ཆ་ཁག་བདག་གཉེར་ཚགས་ཚུད་དགོས་རྒྱུ་དང་། ཚོགས་འདུ་དང་དེ་འབྲེལ་གྱི་ཡིག་ཆ་གང་དགོས་དུས་འགྱངས་མེད་པར་སྒྲུབ་དགོས་རྒྱུ།
ང དངུལ་གཉེར་ནས་ཚོགས་པའི་མ་དངུལ་གང་ཡོད་དངུལ་ཁང་དུ་བཅོལ་འཇོག་བྱ་རྒྱུ་དང་། ལག་དངུལ་མ་ཉར་ཐབས་མེད་རིགས་ལ་ཚོགས་གཙོ་སྦྲེལ་པོ་དང་རྩིས་པ་བཅས་ལྷན་དུ་གོ་སྡུར་གྱི་ཐག་གཅོད་གནང་རྒྱུ། དངུལ་གཏོང་ལེན་གྱི་ལས་རིམ་ཡོད་ཚད་ཚོགས་གཙོ་སྦྲེལ་པོ་དང་རྩིས་པ་བཅས་ཀྱི་ལྷན་དུ་ཐག་གཅོད་གནང་རྒྱུ་ལས་རང་དགར་གཏོང་ལེན་བྱེད་མི་ཆོག
ཅ རྩིས་པ་ནས་སྨོན་ལམ་སྐབས་སོ་སོའི་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ་དང་། དུས་རྒྱུན་གྱི་ཚོགས་པའི་རྩིས་འགོ་གང་ཡོད་ཁམས་གཙང་བཟོ་རྒྱུ་དང་། ལོ་རེའི་འཐུས་མིའི་ལྷ་ཚོགས་སྐབས་རྩིས་ཁྲ་ཚོགས་འདུའི་ཐོག་སྙན་སེང་ཞུ་དགོས་རྒྱུ།
ལྔ་པ། རྒྱུན་ལས་ཀྱི་འགྲོ་གྲོན།
ཀ ཛ་དྲག་གི་གནས་ཚུལ་གྱི་རྐྱེན་པས་རྒྱུན་ལས་སུ་ཞིག་ཚོགས་པའི་དོན་དུ་ས་གནས་གཞན་དུ་བསྐྱོད་དགོས་ཚེ་འགྲོ་གྲོན་ཆ་ཚང་ཚོགས་པའི་མ་དངུལ་ནས་གཏོང་རྒྱུ།
ཁ རྒྱུན་ལས་ཚོགས་འདུ་དང་། ལོ་འཁོར་འཐུས་མིའི་ཚོགས་འདུ་སོགས་ལ་ཕེབས་མཁན་སུ་ལའང་ཚོགས་པའི་མ་དངུལ་ནས་འགྲོ་གྲོན་གཏོང་མི་ཆོག
དོན་ཚན་བརྒྱད་པ། སློབ་སྟོན་པ།
ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པར་སློབ་སྟོན་པའི་ལྷན་ཚོགས་ཤིག་དགོས་ལ། ལྷན་ཚོགས་དེའི་ནང་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དབུས་དཔལ་ལྡན་ས་སྐྱ་པའི་བསྟན་བདག་བླ་ཆེན་རྣམ་པ་དང་། དབུས་སྨོན་ལམ་ཚོགས་པའི་ཚོགས་གཞོན་དང་དྲུང་ཆེ་རྣམ་གཉིས། དགོས་གལ་བྱུང་ཚེ་ཡུ་རོབ་ཁུལ་གྱི་ཁྲིམས་ལུགས་དང་། དཔལ་འབྱོར་སོགས་ཀྱི་སྐོར་ལ་ཆེད་ལས་སློབ་གཉེར་ཐོབ་པའི་འབྲེལ་ཡོད་མི་སྣ་བཅས་ལ་གྲུབ་ཡོད།
བདུན་ཚན་དགུ་པ། དཔལ་འབྱོར་གྱི་སྐོར།
དང་པོ། དཔལ་འབྱོར་འདུ་འགོད།
རྒྱུན་ལས་དང་འཐུས་མིའི་ལྷན་ཚོགས་ནས་གཏན་འབེབས་གནང་དོན་ལྟར་ལག་བསྟར་བྱ་རྒྱུ་ལས། རང་དགར་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཚོགས་པའི་མཚན་ཐོག་ནས་དཔལ་འབྱོར་འདུ་འགོད་བྱ་མི་ཆོག །
གཉིས་པ། དཔལ་འབྱོར་གྱི་ཡོང་ཁུངས།
སྤྱི་སྒེར་ལྷག་བསམ་ཅན་རྣམས་ཀྱི་ཞལ་འདེབས་དང་། དངུལ་ཁང་དུ་བཅོལ་འཇོག་བྱས་པའི་སྐྱེད་ཀ་བཅས་ཡིན།
གསུམ་པ། སྤྱི་དངུལ་སྤྱོད་ཕྱོགས།
ཀ ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པའི་སྤྱི་དངུལ་ཡོངས་རྫོགས་སྨོན་ལམ་ཚོགས་པའི་མཚན་ཐོག་ནས་དངུལ་ཁང་དུ་བཅོལ་འཇོག་དང་། བཅུག་འདོན། གཏོང་ལེན་བཅས་རྩིས་ཀྱི་འགན་འཁུར་ཡོངས་རྫོགས་ཚོགས་གཙོ་སྦྲེལ་པོས་ལམ་སྟོན་འོག་དངུལ་གཉེར་དང་རྩིས་པ་ལ་ཡོད།
ཁ སྤྱི་དངུལ་གཏོང་ལེན་གྱི་བྱེད་སྒོ་ཆེ་ཕྲ་ཡོད་ཚད་རྒྱུན་ལས་མང་མོས་དང་སྤྱི་མོས་གང་རུང་གི་ཐག་གཅོད་ལྟར་འགྲོ་རྒྱུ་ལས་རང་འདོད་གྱིས་གཏོང་ལེན་གཏན་ནས་བྱེད་མི་ཆོག ། སྤྱི་རྫས་གཞན་ལའང་གཅིག་མཚུངས་ཡིན།
དོན་ཚན་བཅུ་པ། སྤྱིའི་སྤྲོད་འཇལ།
ཀ ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལ་ཚོགས་པའི་སྤྱིའི་འཇལ་རིགས་སྤྱི་དངུལ་ལ་འཁྲི་བ་ཡིན།
ཁ གལ་སྲིད་ལས་བྱེད་སུ་ཞིག་གིས་སྤྱི་དངུལ་བོར་བརླག་ཤོར་ཚེ་དོ་བདག་རང་ཉིད་ནས་གཙང་འཇལ་བྱ་དགོས།
ག དུས་ནམ་ཞིག་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པ་དེ་བཞིན་མི་དགོས་པ་ཆགས་ཚེ་སྤྱི་དངུལ་དང་སྤྱི་རྫས་རྣམས་སྐབས་དེའི་སློབ་སྟོན་ལྷན་ཚོགས་སུ་བེད་སྤྱོད་ཇི་ལྟར་གཏོང་དགོས་མིན་ལམ་སྟོན་ཞུས་ཏེ། ལམ་སྟོན་ཇི་བྱུང་བཞིན་ལག་བསྟར་ཞུ་དགོས།
དོན་ཚན་བཅུ་གཅིག་པ། སྒྲིག་གཞིའི་ཁྱབ་ཚད།
ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་། རྒྱུན་ལས་གཉིས་ཀ་ལ་ཁྱབ།
དོན་ཚན་བཅུ་གཉིས་པ། བར་རྒལ་གྱི་ཆ་རྐྱེན།
སྒྲིག་གཞི་འདི་བཞིན་འགོ་འཛུག་ལག་བསྟར་མ་བྱས་གོང་གི་ཚོགས་པའི་ལས་དོན་དང་། ཚོགས་འདུ་ནས་ཐག་གཅོད་ལག་ལེན་ཟིན་པ་རྣམས་སྒྲིག་གཞི་འདིའི་དོན་གནད་ཁག་དང་མཐུན་མིན་གྱི་ཁག་དཀྲི་སྙོན་འཛུགས་བྱ་མི་ཆོག །
དོན་ཚན་བཅུ་གསུམ་པ། སྐད་ཡིག་ཚད་འཛིན།
དགོས་གལ་བྱུང་ཚེ་སྒྲིག་གཞི་འདི་སྐད་ཡིག་གཞན་དུ་བསྒྱུར་ནས་ཆ་འཇོག་བྱ་ཆོག་མོད། ཚིག་དོན་འགྲེལ་བརྗོད་བྱེད་སྟངས་ལ་རྩོད་གླེང་བྱུང་ཚེ་བོད་ཡིག་ཐོག་བྲིས་པའི་ཡིག་གཞིར་རྩ་འཛིན་བྱ་དགོས།
དོན་ཚན་བཅུ་བཞི་པ། སྒྲིག་གཞི་བསྐྱར་བཅོས།
སྒྲིག་གཞི་འདི་བཞིན་བསྐྱར་བཅོས་དགོས་ཚེ་འགན་འཛིན་ལྷན་ཚོགས་ནས་མོས་མཐུན་བྱུང་མཚམས་བསྐྱར་བཅོས་ཆོག་རྒྱུ།
ཡུ་རོབ་སྨོན་ལམ་ཚོགས་པའི་སྐབས་དང་པོའི་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༠༩ ཉིན།
པར་དབང་ཡུ་རོབ་ས་སྐྱ་སྨོན་ལམ་ཚོགས་པ་ལ་ཡོད། ― Copyright © EU Sakya Monlam Foundation all rights reserved. ☯ Powered by Gyalyong Sachen